ཕུགས་འདུན།

ཕབ་ལེན་བྱོས། 下载

>>>>>> མ་འོངས་ཕུགས་འདུན་ཕྱོགས་བསྒྲིགས་དང་པོ།

བོད་མིའི་ཆོས་དད་རང་དབང་གི་ཕུགས་འདུན།

བོད་ཆོས་ལྡན་གྱི་ཞིང་ཁམས་སུ་འབོད་པ་ལྟར། བོད་མི་རྣམས་ལ་མཚོན་ན་ཆོས་ལུགས་ནི་དད་པ་བྱ་ཡུལ་གཅིག་པོ་མ་ཡིན་པར། མི་རྣམས་ཀྱི་བླ་དང་སྲོག་གི་ངོ་བོར་ཐིམ་ནས་བོད་མིའི་འཚོ་བ་དང་རིག་གནས་ལ་ཁ་བྲལ་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡིན་ནའང་བོད་མིའི་ཆོས་ལུགས་དད་མོས་རང་དབང་གི་ཐད་ལ་དཀའ་ངལ་རབ་དང་རིམ་པ་མང་པོ་ཞིག་འཕྲད་བཞིན་པས་ན། མ་འོངས་པར་བོད་ཀྱི་དགོན་སྡེ་ཁག་དང་བོད་མི་སྒེར་བ་རྣམས་ཀྱིས་ཕོ་མོ་རྒན་གཞོན་མེད་པ་དང་། སྐྱ་སེར་གྱི་དབྱེ་བ་དང་གྲུབ་མཐའ་གང་ཡིན་གྱི་དབྱེ་བ་མེད་པ། གཞུང་གི་ལས་བྱེད་དང་སློབ་མ་ཡིན་མིན་གྱི་དབྱེ་བ་སོགས་མེད་པར་རང་དབང་གི་ངང་ནས་ཆོས་དད་ཀྱི་བྱེད་སྒོ་ཁག་སྤེལ་ཆོག་པ་དང་། མཆོད་འབུལ་སྨོན་ལམ་བྱེད་ཆོག་པ། ཐོས་བསམ་སྒོམ་གསུམ་བྱེད་ཆོག་པ་དང་། ཁྱད་པར་བོད་ཀྱི་དགོན་སྡེ་ཁག་ཏུ་སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་དང་བསླབ་པ་སློབ་གཉེར་གྱི་བྱེད་སྒོ་ཁག་བཅས་བཀག་རྒྱ་མེད་པར་སྤེལ་ཆོག་པ། དགེ་འདུན་པ་དང་བཙུན་མ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ལ་བཀག་རྒྱ་མེད་པ་ཞིག་ཏུ་འགྱུར་རྒྱུའི་ཆེད་དུ་ང་ཚོར་ཆོས་དད་རང་མོས་ཐད་ཀྱི་མ་འོངས་ཕུགས་འདུན་ཞིག་དགོས་ཤིང་། ཕུགས་འདུན་དེ་མངོན་འགྱུར་ཡོང་བ་ལ། ད་ལྟའི་བོད་མི་རྣམས་ཀྱི་ཆོས་དད་རང་དབང་ལ་ཚོད་འཛིན་དང་བར་ཆད་ཐེབས་བཞིན་པའི་ཕྱི་ནང་གི་རྒྱུ་རྐྱེན་དང་། འབྱུང་རྩ་ཅི་ཡིན་སོགས་ཀྱི་ཐད་གཤམ་དུ་དྲི་བ་དྲིས་ལན་གྱི་ལམ་ནས་བཀོད་ཡོད།

དང་པོ། ཅི་ཞིག་ལ་ཆོས་དད་རང་དབང་ཟེར།

སྤྱིར་ཆོས་དད་རང་དབང་ཞེས་པ་ནི་ཆོས་ལུགས་རང་དབང་དང་དེ་ལ་དད་མོས་ཀྱི་རང་དབང་གཉིས་ལ་གོ་དགོས་ཤིང་། ཆོས་དད་རང་དབང་གི་བསྲུང་བྱ་དེ་ཡང་ཆོས་ལུགས་དང་ཆོས་དད་ཁོ་ན་ཙམ་མ་ཡིན་པར། དད་པ་བྱེད་མཁན་དང་མི་བྱེད་མཁན་གྱི་གང་ཟག་རེ་རེའི་རང་དབང་དང་དེ་འབྲེལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་བསྲུང་སྐྱོབ་བྱ་རྒྱུ་ནི་དེ་ཡི་ཉིང་དགོས་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་གསལ་བསྒྲགས་དོན་ཚན་ ༡༨ པའི་ནང་དུ། མི་སྒེར་དང་གང་ཟག་སུ་ཡིན་རུང་བསམ་བློ་དང་། རྣམ་དཔྱོད། ཆོས་ལུགས་བཅས་ཀྱི་རང་དབང་ལ་ལོངས་སྤྱོད་པའི་ཐོབ་ཐང་ཡོད་པ་མ་ཟད། ཐོབ་ཐང་འདིའི་ནང་ཚོགས་སྡེ་དང་སྒེར་ངོས་ཀྱི་རྣམ་པ་གང་ཡང་རུང་བའི་ཐོག་ནས་སོ་སོའི་འདོད་མོས་ལྟར་གྱི་ཆོས་ལུགས་དང་དད་མོས་ལ་སློབ་སྦྱོང་དང་། ཉམས་ལེན། མཆོད་མཇལ། བསླབ་པ་སློབ་གཉེར་དང་བསླབ་སྡོམ་བསྲུང་བ། ཆོས་ལུགས་གོམས་སྲོལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་རང་དབང་དང་། དེ་བཞིན་ཆོས་ལུགས་སམ་དད་མོས་བསྒྱུར་ཆོག་པའི་རང་དབང་ཡང་ཚུད་ཡོད། ཅེས་ཆོས་དད་རང་དབང་ལ་ཡོངས་གྲགས་ཀྱི་མཚན་ཉིད་བཀོད་ཡོད། མཚན་ཉིད་འདིའི་ནང་དུ་གཤམ་གསལ་གྱི་ཡན་ལག་འདི་དག་ཚང་དགོས་པར་བཤད།

  • ཆོས་ལུགས་སམ་ཆོས་དད་གདམ་གསེས་ཀྱི་རང་དབང་།
  • དད་པ་བྱེད་མཁན་གྱིས་རང་ཉིད་གཅིག་པུའམ་ཚོགས་ཀྱི་སར་ཕྱག་འཚལ་བ་དང་མཆོད་བསྟོད་བྱེད་པ། སྨྱུང་གནས་དང་ཚངས་སྤྱོད་ཀྱི་སྡོམ་པ་ལེན་པ་དང་བསྲུང་བ། ཁ་བཏོན་དགེ་སྦྱོར་བྱེད་པ་དང་། སྒོམ་རྒྱག་པ། དཀའ་ཐུབ་སྤྱོད་པ་སོགས་ལུས་ངག་གཉིས་ཀྱི་ཐོག་ནས་ཕྱིར་མངོན་ཆོག་པའི་རང་དབང་།
  • གཞུང་དང་མི་སྒེར་གང་རུང་གིས་དད་པ་བྱེད་མཁན་གྱི་ཆོས་ལུགས་དང་དད་མོས་ལ་ཐེ་གཏོགས་བྱེད་མི་ཆོག་པ་དང་། མི་གཞན་ལ་འདོད་པ་མེད་བཞིན་དུ་བཙན་དབང་གིས་དད་པ་བྱེད་དུ་འཇུག་མི་ཆོག་པ།
  • ཆོས་ལུགས་གང་ཞིག་ལ་དད་མོས་བྱེད་མཁན་དང་མི་བྱེད་མཁན་ལ་དབྱེ་འབྱེད་ཁྱད་གསོད་གཏོང་མི་ཆོག་པ།
  • བྱིས་པ་དང་བྱིས་པའི་ཕ་མ་ཚོར་ཆོས་དད་ཀྱི་ཐོབ་ཐང་ཡོད་པ་དང་། སོ་སོའི་དད་མོས་དང་འགལ་བའི་ལས་གང་རུང་དང་ལེན་མི་བྱེད་པའི་རང་དབང་ཡང་ཡོད་པ།
  • རྒྱལ་ཁབ་ཀྱིས་སྤྱི་ཚོགས་བདེ་འཇགས་དང་། སྒྲིག་ལམ། འཕྲོད་བསྟེན། ཡང་ན་མི་གཞན་གྱི་གཞི་རྩའི་ཐོབ་ཐང་དང་རང་དབང་བཅས་སྲུང་སྐྱོབ་ལ་དམིགས་ཏེ། ཁྲིམས་གཏན་འབེབས་བྱས་ན་ད་གཟོད་ཆོས་དད་རང་དབང་ལ་མངོན་གསལ་གྱིས་བཀག་སྡོམ་བྱས་ཆོག་པ་མ་གཏོགས། མི་སྒེར་དང་ཚོགས་སྡེ་གང་རུང་ལ་གང་འདོད་ལྟར་བཀག་སྡོམ་བྱེད་རྒྱུའི་དབང་ཆ་མེད།

གཞན་ཡང་རྒྱ་ནག་གི་རྩ་ཁྲིམས་ནང་དུ་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད་པ་དང་རྒྱལ་ཁབ་ཀྱིས་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱལ་ཁབ་ལས་ཁུངས་དང་། ཚོགས་པ། མི་སྒེར་སུ་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་དད་བྱེད་དུ་འཇུག་པའམ་ཡང་ན་དད་པ་བྱེད་པར་བཀག་སྡོམ་བྱེད་མི་ཆོག་པ། ཆོས་ལུགས་ལ་དད་པ་བྱེད་མཁན་གྱིས་དད་པ་མེད་མཁན་ལ་མཐོང་ཆུང་བྱ་མི་ཆོག་ལ། མི་སུ་འདྲ་ཞིག་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་དང་། སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱ་སྤྱོད་ཀྱང་སྤེལ་མི་རུང་བ། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཕྱིའི་རྒྱལ་ཁབ་དང་དེའི་ཕྱོགས་གཏོགས་ཀྱི་ཚོགས་པའམ་མི་སྒེར་གྱིས་བཀོད་འདོམས་བཏང་མི་ཆོག་པ་སོགས་ཀྱི་གཏན་འཁེལ་བྱས་ཡོད།

འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཡི་ངོས་ནས་བཤད་ན་ཆོས་དད་རང་དབང་ནི་ཐོབ་ཐང་གལ་ཆེན་ཞིག་ཡིན་པས། མིའི་དད་མོས་ལ་བཀག་རྒྱ་མེད་པ་ཙམ་གྱིས་ཆོས་དད་རང་དབང་ཡོད་པ་མཚོན་མི་ཐུབ། དེ་བས་ཆོས་དད་རང་དབང་ཡོད་ན་མི་རྣམས་ལ་རང་ཉིད་ཀྱི་ཡིད་ཆེས་དང་རིན་ཐང་གི་ལྟ་བ་ལྟར་འཚོ་བ་སྐྱེལ་ཏུ་འཇུག་ཐུབ་པ་དང་ཆབས་ཅིག གཞན་གྱི་ཡིད་ཆེས་ལ་བརྩི་བཀུར་བྱེད་དུ་འཇུག་ཐུབ།

གཉིས་པ། བོད་པའི་ཆོས་དད་རང་དབང་ཐད་ཀྱི་ཕུགས་འདུན་གཙོ་བོ་གང་དག་རེད་དམ།

༡) ཆོས་ལུགས་དང་འབྲེལ་བའི་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་རྒྱུ། ཆོས་ལུགས་ནི་མི་རིགས་ཤིག་ལ་མཚོན་ན་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། བོད་མིའི་ཆོས་ལུགས་དད་མོས་ཀྱི་རང་དབང་མངོན་འགྱུར་བྱས་ནས་ཆོས་ལུགས་དང་རྟེན་ཅིང་འབྲེལ་ནས་ཡོད་པའི་བོད་མིའི་སྲོལ་རྒྱུན་རིག་གནས་དང་། རིན་ཐང་ལྟ་ཚུལ། འཚོ་བའི་གོམས་གཤིས། སྐད་དང་ཡི་གེ་སོགས་བོད་མིའི་ངོ་བོ་དང་འདུ་ཤེས་སོགས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་དང་། བོད་ཀྱི་དགོན་སྡེ་ཁག་མུ་མཐུད་ནས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་བསྟི་གནས་སུ་འགྱུར་ཐུབ་རྒྱུ།

༢) ཆོས་དད་རང་དབང་བརྒྱུད་དེ་བོད་མི་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུ། ཆོས་ལུགས་དད་མོས་ནི་མིའི་སྤྱི་ཚོགས་ཀྱི་ཆིག་འདྲིལ་ནུས་ཤུགས་གཙོ་བོ་ཞིག་ཡིན་པས་ན། ཆོས་ལུགས་དད་མོས་ཀྱི་རང་དབང་ཡོད་པའི་ཐོག་སྤྱི་ཚོགས་འཆམ་མཐུན་དང་། མི་རིགས་མཐུན་སྒྲིལ་གྱིས་བོད་དེ་མི་རིགས་ཤིག་གི་ཐུན་མོང་གི་ངོ་བོའི་ཐོག་གནས་ཐུབ་རྒྱུ།

༣) བོད་ཀྱི་དགོན་སྡེ་ཁག་མུ་མཐུད་དུ་གྲ་མ་ཉམས་གྲུ་མ་ཆག་པར་གནས་ཐུབ་རྒྱུ། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་དེ་གཞུང་གི་ཐེ་གཏོགས་དང་སྟངས་འཛིན་མེད་པའི་ངང་ནས་གནས་ཐུབ་རྒྱུ་དང་། གཞན་ཡང་དགོན་སྡེ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱ་སའི་ལྟེ་གནས་ཤིག་ཡིན་པ་མ་ཟད། དགོན་སྡེ་ཁག་གིས་བོད་ཀྱི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་འགན་ཆེན་པོ་ཞིག་འཁུར་གྱི་ཡོད་དེ། དཔེར་ན་ས་རྩོད་ཆུ་རྩོད་སོགས་སྤྱི་ཚོགས་ཀྱི་འགལ་ཟླ་སེལ་རྒྱུ་དང་། ས་འགུལ་སོགས་འབྱུང་བཞིའི་གནོད་སྐྱོན་སེལ་རོགས་བྱེད་བཞིན་ཡོད།

༤) ཆོས་ལུགས་ཀྱིས་བོད་མིའི་སེམས་ཁམས་གཅིག་གྱུར་ཡོང་བར་ཕན་བདེ་སྐྲུན་ཐུབ་རྒྱུ། ཆོས་ལུགས་དད་མོས་ནི་ཚོགས་སྡེ་དང་མི་སྒེར་བའི་སེམས་ཁམས་བདེ་ཐང་དང་བསམ་པའི་ལོངས་སྤྱོད་ལ་འབྲེལ་བ་ཆེན་པོ་ཡོད་དེ། མིའི་སེམས་ངལ་སེལ་ཞིང་མི་སེམས་ལྷོད་ལ་འབབ་ཏུ་འཇུག་ཅིང་། གང་ཟག་སྒེར་གྱི་སྡུག་བསྔལ་སེལ་བྱེད་ཀྱི་སྨན་ལྟ་བུར་གྱུར་ནས་མིའི་ན་རྒ་འཆི་བའི་འཇིགས་པ་དང་སྡུག་བསྔལ་སེལ་བཞིན་པའོ། །

༥) ཆོས་ལུགས་ཀྱིས་བོད་མི་རྣམས་ཀྱི་གཤིས་སྤྱོད་བཟང་དུ་གཏོང་ཐུབ་རྒྱུ། བོད་ཀྱི་སྤྱི་ཚོགས་སུ་ཆོས་ལུགས་དང་འབྲེལ་བའི་མི་ཆོས་ཀུན་སྤྱོད་ཀྱི་སློབ་གསོ་ཡག་པོ་ཡོད་པས། མི་རྣམས་དྲང་བདེན་དང་། བྱམས་བརྩེ། གཞན་ཕན་བཅས་ཀྱི་ཕྱོགས་སུ་བློ་ཁ་འདོམས་ཐུབ་པ་མ་ཟད། སྤྱི་ཚོགས་བདེ་དོན་ལ་སྐུལ་འདེད་བྱེད་ཐུབ།།

༦) ཆོས་ལུགས་དང་འབྲེལ་བའི་དད་ལྡན་མང་ཚོགས་ཀྱི་འབུལ་བ་སོགས་དགོན་པའི་ཡོང་སྒོ་ཁག་ལུགས་མཐུན་གྱིས་བེད་སྤྱོད་བཏང་སྟེ་སྤྱི་ཚོགས་བདེ་རྩ་ལ་ཕན་བདེ་སྐྲུན་རྒྱུ། དཔེར་ན། ས་གནས་མི་དམངས་ཀྱི་འཕྲོད་བསྟེན་ཡར་རྒྱས་དང་། སྐད་ཡིག་རྒྱུན་འཛིན། ཁོར་ཡུག་སྲུང་སྐྱོབ། རྒན་རྒོན་དང་བྱིས་པ། དབང་པོ་སྐྱོན་ཅན་སོགས་ལ་ཕན་པའི་ལས་དོན་སྒྲུབ་རྒྱུ།

༧) ཆོས་ལུགས་ཀྱི་བྱེད་སྒོ་ཁག་རྒྱུན་འཛིན་བྱ་ཐུབ་རྒྱུ། སྤྱི་སྒེར་གྱི་ས་གནས་གང་རུང་ངམ་དྲྭ་ལམ་བརྒྱུད་ཆོས་ཀྱི་སྐོར་ལ་འཆད་ཉན་དང་སློབ་སྦྱོང་། མང་ཚོགས་འདུ་འཛོམས། ཆོས་ལུགས་ཀྱི་དུས་ཆེན་སྲུང་བརྩི་སོགས་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་ཆོག་རྒྱུ། དཔེར་ན། གནས་བསྐོར་དང་། ཆོས་མཇལ། བསང་མཆོད། ཡུལ་ལྷ་གཞི་བདག་མཆོད་པའི་མཛད་སྒོ་སོགས་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་བྱེད་ཆོག་པ་ལྟ་བུ།

༨) ཆོས་དང་འབྲེལ་བའི་དཔར་སྐྲུན་རང་དབང་ཡོད་རྒྱུ། རང་དབང་གི་སྒོ་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་འབྲེལ་བའི་དཔེ་ཆ་དང་དུས་དེབ། ཚགས་པར་སོགས་དཔར་སྐྲུན་འགྲེམས་སྤེལ་བྱས་ཆོག་རྒྱུ།

༩) བྱིས་པར་ཆོས་དད་རང་དབང་སྤྲོད་རྒྱུ། བོད་པའི་བྱིས་པ་ཚོར་རང་གི་ཆོས་ལུགས་སློབ་སྦྱོང་དང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ནང་དུ་མཉམ་ཞུགས་དང་། ཆོས་ལུགས་ཀྱི་དུས་ཆེན་སྲུང་བརྩི་བྱེད་ཆོག་པའི་རང་དབང་ཡོད་རྒྱུ། དེའི་ཁོངས་སུ། ལོ་ན་ཆུང་དུས་ནས་གྲྭ་བཙུན་དང་བཙུན་མ་བྱེད་ཆོག་པ་དང་། གུང་གསེང་སྐབས་སུ་ཆོས་ཕྱོགས་ཀྱི་དུས་སྟོན་དང་མཛད་སྒོར་མཉམ་ཞུགས་བྱེད་ཆོག་པ། སྙིང་རྗེ་དང་བྱམས་བརྩེ། འཚེ་མེད་ཞི་བ་སོགས་ནང་ཆོས་ཀྱི་རིན་ཐང་ལ་སློབ་སྦྱོང་བྱེད་ཆོག་པ་ལྟ་བུ།

༡༠) ཆོས་བྱེད་མི་སྣར་འགྲོ་འདུག་རང་དབང་ཡོད་རྒྱུ། བོད་ཀྱི་དད་ལྡན་མང་ཚོགས་རྣམས་ཀྱིས་རང་འདོད་ལྟར་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་དང་། དགེ་བཤེས་མཁན་པོ་སོགས་ཀྱི་སར་རྗེས་འཇུག་ཆོས་དད་དང་སློབ་གཉེར་བྱས་ཆོག་པ།

གསུམ་པ། ང་ཚོའི་ཆོས་དད་རང་དབང་མངོན་འགྱུར་ཡོང་བར་བོད་མི་སྒེར་བ་དང་ཚོགས་པ་རེ་རེ་ནས་ཅི་ཞིག་སྒྲུབ་ཐུབ་བམ

ཀ དགོན་པས་སྒྲུབ་ཐུབ་པ་ཁག།

༡) དགོན་པའི་སྲོལ་རྒྱུན་གྱི་དུས་ཆེན་ཁག་ཆག་མེད་དུ་རྒྱུན་འཛིན་བྱ་རྒྱུ།

༢) དགོན་པའི་དཔལ་འབྱོར་དང་། སློབ་སྟོན། འཕྲོན་བསྟེན་སོགས་ལ་བྱེ་བྲག་གི་སྡེ་ཚན་བཙུགས་ནས་དགོན་པ་ཕྱི་གསལ་ནང་གསལ་གྱིས་འཛིན་སྐྱོང་བྱ་རྒྱུ།

༣) དགོན་པའི་བསླབ་པ་སློབ་གཉེར་བྱེད་ཕྱོགས་ཐད་ནང་བསྟན་སློབ་གྲྭའི་སྒྲིག་འཛུགས་འཐུས་ཚང་དུ་བཏང་ནས། སློབ་སྦྱོང་གི་དུས་ཡུན་དང་། འཛིན་གྲྭའི་རིམ་པ། ཉིན་རེའི་སློབ་ཁྲིད་ཀྱི་ལས་རིམ། གཟའ་མཇུག་གི་ངལ་གསོ་དང་དབྱར་དགུན་གནང་གི་གུང་གསེང་སོགས་སྒྲིག་ཁྲིམས་ཚགས་དམ་པོ་འཛུགས་རྒྱུ་དང་དེ་རྒྱུན་འཁྱོངས་བྱ་རྒྱུ།

༤) དགོན་པའི་བླ་སྤྲུལ་སོགས་འཛིན་སྐྱོང་མི་སྣ་དང་། དགེ་འདུན་པ། ལྷ་སྡེ་བཅས་ནས་ཆོས་དད་རང་དབང་གི་ཐོབ་ ཐང་ལ་སློབ་སྦྱོང་དང་རྒྱུས་ལོན། གོ་རྟོགས་སྤེལ་བ་བཅས་བྱ་རྒྱུ།

༥) དགེ་འདུན་པར་འདོན་ཆོག་སློབ་རྒྱུ་གཅིག་པོ་མ་ཡིན་པར་གཞུང་ཆེན་ཁག་གི་སློབ་གཉེར་ཚད་ལྡན་དང་། དེའི་ཞོར་ལ་བོད་ཡིག་གཙོ་བྱས་ཏེ་རྒྱ་ཡིག་དབྱིན་ཡིག་སོགས་སྐད་ཡིག་གཞན་པ་སློབ་རྒྱུའི་ལམ་སྲོལ་འཛུགས་རྒྱུ།

༦) གྲོང་གི་མི་སྐྱ་རྣམས་ཀྱིས་ཀྱང་དགོན་པ་ནས་བོད་ཀྱི་ཆོས་ལུགས་མཚན་ཉིད་རིག་པའི་ནང་དོན་དང་། སྐད་ཡིག་རིག་གནས་སོགས་ལ་སློབ་སྦྱོང་བྱ་རྒྱུར་དགོན་པས་མཐུན་རྐྱེན་སྦྱོར་རྒྱུ།

༧) གཞུང་གི་སྲིད་ཇུས་དང་ཁྲིམས་ལུགས་ལ་སློབ་སྦྱོང་བྱས་ནས། གནས་ལུགས་དང་མི་མཐུན་པའི་སྲིད་ཇུས་དང་། ས་གནས་མགོ་ཁྲིད་ཀྱི་བྱེད་སྟངས་ལ་ཞི་བའི་ངང་གདོང་ལེན་བྱ་རྒྱུ།

༨) དགོན་པ་ཆེན་པོ་དང་། དེ་དག་གི་དགོན་ལག་ཁག། མི་དམངས་བཅས་ཀྱི་བར་འབྲེལ་ལམ་ཡག་པོ་བཟུང་ནས། དགོན་པ་ཆེན་པོའི་ནང་དུ་སྒྲུབ་མི་ཐུབ་པའི་ཆོས་ལུགས་བྱེད་སྒོ་ཁག་དགོན་ལག་ཆུང་ངུའི་ནང་དུ་བསྒྲུབ་ཐབས་བྱ་རྒྱུ་དང་། དགོན་ལག་ཆུང་བའི་ནང་སྒྲུབ་མི་ཐུབ་པ་དག་དམངས་ཁྲོད་ནས་བསྒྲུབ་ཐབས་བྱ་རྒྱུ།

༩) དགོན་པའི་འཛིན་སྐྱོང་བྱེད་ཕྱོགས་ཐད་གནའ་དེང་ཟུང་སྦྲེལ་གྱིས་རང་རྐྱ་ཐུབ་ལ་ཁྱད་ཆོས་ལྡན་པ་ཞིག་བྱ་རྒྱུ་ལས་གཞུང་གི་འཛིན་སྐྱོང་བྱ་ཕྱོགས་གཅིག་པོའི་དབང་དུ་ཤོར་མི་རུང་།

༡༠) དགོན་པའི་འཛིན་སྐྱོང་འོག་ས་གནས་སུ་དཔེ་མཛོད་ཁང་ཆེན་པོ་རེ་བཙུགས་ནས་ས་གནས་མི་དམངས་ལ་འཚམ་པའི་ཆོས་དང་རིག་གཞུང་ཉམས་སུ་མྱོང་ཐུབ་པའི་ཁོར་ཡུག་གསར་བ་སྐྲུན་རྒྱུ།

༡༡) དགོན་པའི་ཆོས་ཕྱོགས་ཀྱི་ལས་དོན་ལ་དཀའ་ངལ་འཕྲད་སྐབས། དཀའ་ངལ་དེར་གདོང་ལེན་བྱ་རྒྱུར་རང་ཕྱོགས་ན་སྟོབས་ཤུགས་སམ་མཐུན་རྐྱེན་ཅི་ཞིག་ཡོད་མེད་དང་། རང་ཕྱོགས་སུ་འགལ་རྐྱེན་ནམ་ཞན་ཆ་ཅི་ཞིག་ཡོད་མེད། དཀའ་ངལ་སེལ་རྒྱུར་གོ་སྐབས་ཅི་ཞིག་ཡོད་མེད། དེ་ལ་ཉེན་ཁ་ཅི་ཞིག་ཡོད་མེད་བཅས་དབྱེ་ཞིབ་སྣ་བཞི་བརྒྱུད་ནས་ཞིབ་འཇུག་བྱ་རྒྱུ།

ཁ། དགོན་པའི་འབྲེལ་ཡོད་ལས་ཁུངས་ནས་སྒྲུབ་ཐུབ་པ་ཁག།

༡) དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཀྱིས་གཞུང་གི་ཚབ་བྱས་ཏེ་ལས་དོན་སྒྲུབ་རྒྱུ་གཅིག་པོ་མ་ཡིན་པར། དགོན་པ་དང་ས་གནས་དད་ལྡན་མང་ཚོགས་ཀྱི་ཚབ་བྱས་ནས་མི་དམངས་ཀྱི་མངོན་འདོད་སྒྲུབ་རྒྱུ་གཙོ་བོར་འཛིན་རྒྱུ།

༢) ས་གནས་ཆོས་ལུགས་ལས་དོན་ཁང་དང་དགོན་པའི་དོ་དམ་ཁང་སོགས་ནས་དགེ་འདུན་པ་དང་བཙུན་མ་སོགས་ས་གནས་གཞན་ལ་མཇལ་སྐོར་དང་གནས་སྐོར་དུ་འགྲོ་རྒྱུར་ཚད་བཀག་མི་བྱེད་རྒྱུ།

༣) ཆོས་ལུགས་དང་འབྲེལ་བའི་ས་གནས་ཀྱི་ལས་ཁུངས་དང་དགོན་པའི་ལས་ཁུངས་དག་གིས་གཞུང་གི་སྲིད་ཇུས་ཁག་དད་ལྡན་མི་དམངས་ལ་ལོག་འགྲེལ་མི་བྱེད་རྒྱུ་དང་། མི་དམངས་ཀྱི་གནས་ཚུལ་གཞུང་ལའང་ལོག་འགྲེལ་མི་བྱེད་རྒྱུ།

༤) ལོ་ན་བཅོ་བརྒྱད་མན་གྱི་གྲྭ་བའི་ཐོབ་ཐང་ལ་བརྩི་འཇོག་བྱས་ཏེ་ཉེན་རྟོག་པར་ཁོ་ཚོ་འཛིན་བཟུང་དང་འཇིགས་སྐུལ་བྱེད་དུ་མི་འཇུག་རྒྱུ་དང་། དགོན་པས་དོ་དམ་ཁང་ནས་གྲྭ་བཙུན་བཙན་ཕུད་མི་བྱེད་པར་ལུགས་མཐུན་དང་བཟང་ཕྱོགས་ནས་ལས་དོན་བསྒྲུབ་རྒྱུ།

༥) དགོན་པར་གནས་སྡོད་ཀྱི་ཉེན་རྟོག་མི་སྣས་འགྲོ་ལུགས་ཅི་ཡང་མེད་པར་གྲྭ་ཤག་ཏུ་འཛུལ་ནས་སྔོག་བཤེར་མི་བྱེད་རྒྱུ་དང་། གྲྭ་བ་དང་བཙུན་མར་གང་བྱུང་དུ་འདྲི་གཅོད་དང་འཛིན་བཟུང་མི་བྱེད་རྒྱུ། ལས་དོན་སྒྲུབ་སྐབས་ཁོ་ཚོའི་ཐོབ་ཐང་ལ་བརྩི་བཀུར་བྱེད་རྒྱུ།

༦) དགོན་པར་བཀོད་མངགས་བྱས་པའི་རྒྱ་མི་ལས་བྱེད་པས་བོད་ཀྱི་དགོན་པའི་ལུགས་སྲོལ་ལ་བརྩི་འཇོག་བྱེད་རྒྱུ། དཔེར་ན། དགེ་འདུན་པ་རྣམས་དབྱར་གནས་དང་མཚམས་བཞུགས་སོགས་ཀྱི་སྐབས་སུ་གཞུང་གི་ལས་བྱེད་པ་གང་བྱུང་དུ་གྲྭ་ཤག་ལ་འཛུལ་ནས་སྲོལ་རྒྱུན་གྱི་ཕྱག་སྲོལ་ལ་གཏོར་བརླག་མི་བྱེད་རྒྱུ་ལྟ་བུ།

༧) དགོན་པའི་གཙུག་ལག་ཁང་དང་འདུ་ཁང་། སློབ་ཁང་སོགས་གང་ཡིན་སར་ལྟ་རྟོག་བརྙན་མིག་མི་འཛུགས་པར་གྲྭ་བའི་སྒེར་གྱི་ཐོབ་ཐང་ལ་བརྩི་བཀུར་བྱེད་རྒྱུ།

༨) གཞུང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་དུས་བོད་ཡིག་འབྲི་རྒྱུ་དང་། དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་འགྲོ་ལུགས་གང་རུང་སྒྲུབ་དུས་ཁོ་ཚོས་རང་གི་སྐད་ཡིག་གི་འགྲོ་ལུགས་སྒྲུབ་ཆོག་པའི་ཐོབ་ཐང་ཁག་ཐེག་བྱེད་རྒྱུ།

ག སློབ་གྲྭས་སྒྲུབ་ཐུབ་པ་ཁག

༡) བོད་ཀྱི་སློབ་ཆེན་ཁག་གི་ནང་། ནང་ཆོས་ཀྱི་ནང་དོན་ཁག་མི་ཆོས་རིག་པ་དང་། ཚན་རིག་སོགས་བསླབ་གཞི་གཞན་དང་འབྲེལ་ནས་སློབ་ཁྲིད་བྱ་རྒྱུའི་ཐབས་ལམ་འཚོལ་རྒྱུ།

༢) ཀྲུང་གོའི་ཆོས་དད་རང་དབང་གི་ཁྲིམས་ལ་སློབ་སྦྱོང་དང་གོ་རྟོགས་སྤེལ་བའི་གོ་སྐབས་དག་བེད་སྤྱད་ནས། སློབ་མ་ཚོར་རྒྱལ་སྤྱིའི་ཆོས་དད་རང་དབང་ཐད་ཀྱི་ཤེས་བྱའི་སྐོར་གྱི་གོ་རྟོགས་སྤེལ་རྒྱུ།

༣) སློབ་མ་རྣམས་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་ལ་བརྩི་བཀུར་བྱས་ནས་སློབ་མ་སྒེར་གྱིས་ཆོས་དད་ཀྱི་རྣམ་པ་ཕྱིར་འདོན་རྒྱུར་བཀག་རྒྱ་མི་བྱེད་རྒྱུ།

༤) ཆོས་ལུགས་ཀྱི་མིང་དང་མ་འབྲེལ་བའི་ངང་ནས་བོད་ཀྱི་ཆོས་ཕྱོགས་དང་འབྲེལ་བའི་དུས་ཆེན་ཁག་སློབ་གྲྭ་ནས་སྲུང་བརྩི་བྱ་རྒྱུའི་ཐབས་ལམ་འཚོལ་རྒྱུ།

༥) གཞུང་གི་སྲིད་ཇུས་ཁག་ལ་ལོག་འགྲེལ་དང་དེ་དག་ལ་ཁ་གཡར་ནས་སློབ་མའི་ཆོས་དད་དང་འབྲེལ་བའི་བྱ་སྤྱོད་ལ་འཇིགས་སྐུལ་མི་བྱ་རྒྱུ་དང་། བོད་ཀྱི་ཆོས་ལུགས་ལ་ལོག་འགྲེལ་དང་དམའ་འབེབས་མི་བྱ་རྒྱུ།

༦) སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་གྱིས་སློབ་མའི་ཆོས་དད་རང་དབང་ལ་གནོད་པའི་བྱ་སྤྱོད་ཀྱི་རིགས་སྤེལ་ཚེ་ཁྲིམས་གཏུག་བྱ་རྒྱུའམ། ཁྲིམས་མཐུན་ལུགས་མཐུན་ངང་དྲྭ་རྒྱའི་བརྒྱུད་ལམ་ནས་ཐེར་འདོན་བྱ་རྒྱུ།

༧) སློབ་གྲྭས་ཆོས་ལུགས་དད་མོས་བྱེད་མཁན་གྱི་སློབ་མའི་ཁྱིམ་བདག་རྣམས་ཀྱི་མངོན་འདོད་ལ་བརྩི་བཀུར་བྱ་རྒྱུ།

༨) སློབ་གྲྭའི་འགན་འཛིན་དང་སློབ་མའི་ལྟ་རྟོག་མི་སྣ། དགེ་རྒན་བཅས་ཀྱིས་བཅའ་སྡོད་སློབ་གྲྭའི་སློབ་མ་རྣམས་ཀྱི་ཆོས་དད་རང་དབང་གི་ཁེ་དབང་ལ་དམིགས་བསལ་གྱིས་དོ་སྣང་དང་བརྩི་བཀུར་བྱ་རྒྱུ།

ང་། སྡེ་བ་དང་ཁྱིམ་ཚང་གིས་སྒྲུབ་ཐུབ་པ་ཁག

༡) སྡེ་བའི་མགོ་ཁྲིད་ཀྱིས་གཞུང་གི་ཆོས་ལུགས་སྲིད་ཇུས་ལ་འགྲེལ་ལོག་བྱས་ཏེ་མི་དམངས་ལ་འཇིགས་སྐུལ་མི་བྱ་རྒྱུ།

༢) སྡེ་བའི་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་ཁག་རྩ་འཛུགས་ལྡན་པའི་སྒོ་ནས་རྒྱུན་འཛིན་བྱ་རྒྱུ།

༣) སྲིད་གཞུང་གིས་སྡེ་མི་གང་རུང་གི་ཆོས་དད་རང་དབང་ལ་བརྩི་བཀུར་མ་བྱས་པར་མིའི་ཁེ་དབང་ལ་གནོད་པ་ཐེབས་ཚེ། སྡེ་མི་ཡོངས་མཐུན་སྒྲིལ་གྱིས་སྡེ་མི་རེ་རེའི་ཁེ་དབང་འདྲ་མཉམ་དུ་སྲུང་སྐྱོབ་བྱ་རྒྱུ།

༤) སྡེ་བ་དང་ཁྱིམ་ཚང་གིས་བྱིས་པའི་ཆོས་དད་རང་དབང་གི་ཐོབ་ཐང་ལ་བརྩི་འཇོག་བྱས་ཏེ་བྱིས་པའི་མངོན་འདོད་ལྟར་ཆོས་ལུགས་ཀྱི་བྱེད་སྒོར་མཉམ་ཞུགས་བྱེད་དུ་འཇུག་རྒྱུ།

༥) ས་གནས་སྲིད་གཞུང་གི་སྲིད་ཇུས་སོགས་ཀྱིས་སྡེ་བའི་ཆོས་ལུགས་ཀྱི་བྱེད་སྒོར་བཀག་རྒྱ་ཐེབས་ཚེ་ངོས་ལེན་བྱེད་རྐྱང་མི་བྱེད་པར། ཁྲིམས་མཐུན་གྱིས་མཐོ་རིམ་ལས་ཁུངས་ཤིག་ལ་ཞུ་གཏུགས་བྱེད་པའམ། ཡང་ན་ཐབས་ལམ་གཞན་བཙལ་ནས་སོ་སོའི་ཆོས་དད་རང་དབང་གི་ཐོབ་ཐང་རྩོད་ལེན་བྱ་རྒྱུ།

༦) སྡེ་མི་རྣམས་ཀྱིས་དད་སའི་གནས་རི་དང་ཆུ་འགོ་སོགས་གནས་འགངས་ཅན་ལ་གཞུང་དང་སྒེར་གྱི་ཁེ་གཉེར་ཁང་གང་རུང་གིས་གཏོར་བརླག་བྱས་ཚེ་ཆོས་དད་རང་དབང་གི་ཐོབ་ཐང་གི་ཁྲིམས་ལྟར་སྲུང་སྐྱོབ་དང་ངོ་རྒོལ་བྱ་རྒྱུ།

༧) གཞུང་གི་སྲིད་ཇུས་འོག་དགོན་པ་ནས་ཕྱིར་ཕུད་བཏང་བའི་གྲྭ་བ་དང་བཙུན་མ་ཤེས་ཡོན་ཅན་ལ་སྡེ་བས་དམིགས་བསལ་གྱིས་མཐུན་རྐྱེན་སྦྱར་ཏེ། སྡེ་མི་རྣམས་ཀྱིས་ཁོ་ཚོའི་སར་བོད་ཡིག་སོགས་སློབ་སྦྱོང་བྱ་རྒྱུའི་ལུགས་སྲོལ་འཛུགས་རྒྱུ།

༨) བྱིས་པ་དང་ན་གཞོན་རྣམས་ལ་བོད་རང་གི་ཆོས་གཞུང་གི་ཤེས་བྱ་དང་ཡ་རབས་བཟང་སྤྱོད་ལ་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

༩) ཆོས་ལུགས་བྱེད་སྒོའི་སྐབས་ཀྱི་བདེ་འཇགས་དང་འཕྲོད་བསྟེན། མེ་སྐྱོན་སོགས་ཀྱི་བདེ་སྲུང་ལ་དོ་དམ་ནན་མོ་བྱས་ཏེ་མི་རྣམས་ཀྱི་ལུས་སྲོག་བདེ་ཐང་ལ་འགན་ཁུར་ཁག་ཐེག་བྱས་ཏེ། གཞུང་གིས་བྱེད་སྒོ་དག་བཀག་སྡོམ་བྱ་རྒྱུར་ཁ་གཡར་ས་མེད་པར་བྱ་རྒྱུ།

༡༠) ཚད་ལས་བརྒལ་བའི་ངང་མཚོ་གཏེར་རྒྱག་པ་དང་། དར་ལྕོག་འདོགས་པ། རླུང་རྟ་སྤུར་བ། སྲོག་བླུ་བྱེད་པ་སོགས་ཀྱིས་ཁོར་ཡུག་དང་སེམས་ཅན་ལ་གནོད་པ་ཐེབས་བཞིན་པར་སྟངས་འཛིན་ནན་མོ་བྱས་ཏེ། སྣོད་བཅུད་གཉིས་ལ་མི་གནོད་པའི་རྒྱུ་རྫས་བེད་སྤྱོད་གཏོང་རྒྱུ།

ཅ། གྲྭ་བ་དང་བཙུན་མས་སྒྲུབ་ཐུབ་པ་ཁག

༡) ཆོས་ལུགས་འཆད་ཉན་གྱི་གོ་སྐབས་ཐོབ་ཆེད་དང་། མང་ཚོགས་དང་ཆོས་ལུགས་གཉིས་བར་གྱི་འབྲེལ་བ་སོར་གནས་ཐུབ་པའི་ཆེད་དུ། དྲ་ལམ་ཟིན་བྲིས་དང་། རྒྱང་བསྲིངས་ལེ་ཚན། སྤྱི་ཚོགས་འབྲེལ་མཐུད་དྲ་བ་སོགས་དེང་རབས་ཀྱི་འཕྲུལ་རིག་བེད་སྤྱོད་བྱ་རྒྱུ།

༢) ཆོས་ལུགས་ཀྱི་དད་མོས་ཉམས་ཉེས་སུ་མི་འགྲོ་བའི་ཆེད་དུ། ཆོས་ལུགས་ཀྱི་བྱེད་སྒོའི་རིགས་ཚད་ལས་བརྒལ་བའི་ཐོག་ནས་ཚོང་ལས་ཅན་དུ་མི་བསྒྱུར་རྒྱུ།

༣) བླ་མ་དང་སྤྲུལ་སྐུ་སོགས་ཀྱིས་སློབ་ཕྲུག་ཚོར་སློབ་ཡོན་སྤྲོད་རྒྱུ་དང་། དགོས་མཁོ་ཅན་ལ་སྨན་བཅོས་ལྟ་སྐྱོང་གི་མཐུན་རྐྱེན་སྦྱོར་རྒྱུ་སོགས་སྤྱི་ཚོགས་ཞབས་ཞུའི་ལས་དོན་མང་ཙམ་བསྒྲུབ་རྒྱུ།

༤) གྲྭ་བའམ་བཙུན་མ་གང་རུང་ཞིག་གམ། ཡང་ན་ཆོས་ལུགས་ཀྱི་སྒྲིག་འཛུགས་གང་རུང་ལ་དམ་དྲག་བྱེད་སྐབས། དེ་སྣང་མེད་དུ་མི་གཏོང་བར་གཞན་གྱི་རྒྱབ་རྩར་ལངས་ནས་ཐོབ་ཐང་རྩོད་རོགས་བྱ་རྒྱུ། མདོར་ན་བྱེད་སྟངས་དེ་ནི་སོ་སོ་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱེད་སྟངས་ཤིག་ཀྱང་ཡིན།

ཆ། བླ་སྤྲུལ་ལས་བྱེད་པས་སྒྲུབ་ཐུབ་པ་ཁག

༡) རང་རང་སོ་སོས་གཞུང་ཕྱོགས་ཀྱི་ནུས་པ་བེད་སྤྱོད་དང་སོ་སོ་རང་ཉིད་ནས་མགོ་བཙུགས་ཏེ། ཐབས་དང་ལྡན་པའི་ཐོག་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཆོས་ལུགས་དད་མོས་རང་དབང་གི་ཐོབ་ཐང་དག་མི་མང་ལ་གོ་རྟོགས་སྤྲད་ནས། ཆོས་དད་རང་དབང་གི་ཐད་མང་ཚོགས་ལ་ཐེབས་སྲིད་པའི་གནོད་འཚེ་སྔོན་འགོག་དང་གོ་སྐབས་མང་དུ་གཏོང་ཐབས་བྱ་རྒྱུ།

༢) མི་རིགས་མཐུན་སྒྲིལ་དང་། འགྲོ་བ་མིའི་ཆེ་མཐོང་། ཤུལ་བཞག་རིག་གནས་རྒྱུན་འཛིན་སོགས་ཀྱི་ལས་དོན་དང་འབྲེལ་ནས་ཆོས་དད་རང་དབང་སྤེལ་ཐབས་བྱ་རྒྱུ།

༣) ཆོས་དད་རང་དབང་ལ་གནོད་པའི་སྲིད་ཇུས་ཀྱི་རིགས་ལག་བསྟར་བྱས་ཚེ། ནུས་སྟོབས་དང་རྣམ་དཔྱོད་ལྡན་པའི་ཐོག་ནས་གཡོལ་ཐབས་དང་ཕྱིར་འགྱངས་ཀྱི་ཐབས་ཇུས་བེད་སྤྱད་ནས། གནོད་འཚེ་ཇེ་ཆུང་དུ་གཏོང་རྒྱུ་སོགས་ཐབས་དང་ལྡན་པའི་ངང་ཆོས་ལུགས་མི་སྣ་དང་སྒྲིག་འཛུགས་ཁག་སྲུང་སྐྱོབ་བྱ་རྒྱུ།

༤) བླ་སྤྲུལ་དག་ནི་གཞུང་དམངས་གཉིས་བར་གྱི་ཡིད་ཆེས་བྱ་སའི་ཟམ་པ་ལྟ་བུ་ཡིན་པས། རང་ཉིད་ཀྱི་ནུས་པ་དང་དབང་ཆ་བེད་སྤྱད་དེ། གཞུང་ཕྱོགས་ཀྱི་སྲིད་ཇུས་དག་མི་དམངས་ལ་དྲིལ་སྒྲོག་བྱ་རྒྱུ་གཅིག་པོ་མ་ཡིན་པར། དད་ལྡན་མང་ཚོགས་ཀྱི་ཚབ་བྱས་ཏེ་ཁོ་ཚོའི་ཆོས་དད་རང་དབང་ཐད་ཀྱི་དཀའ་ངལ་དག་གོང་རིམ་ལ་སྙན་ཞུ་ཕུལ་ནས་དཀའ་ངལ་དེ་དག་སེལ་ཐབས་བྱ་རྒྱུ།

༥) བླ་སྤྲུལ་མང་ཆེ་བ་ཞིག་དམངས་ཆེན་དང་སྲིད་གྲོས་ཀྱི་འཐུས་མི་ཡིན་པས། སོ་སོའི་དབང་ཆ་དང་འགན་འཁུར་དང་དུ་བླངས་ནས་མི་དམངས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་ལ་གྲོས་འཆར་འདོན་རྒྱུ།

བཞི་བ། བོད་མིའི་ཆོས་དད་རང་དབང་ལ་གནོད་པ་ཐེབས་བཞིན་པའི་རྒྱུ་རྐྱེན་གཙོ་བོ་གང་གང་ཡིན་ནམ།

༡) རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་གཅོད་འོག་གི་མི་སེར་སྤེལ་བའི་རིང་ལུགས། རྒྱ་ནག་གཞུང་གིས་ལོ་ངོ་བདུན་བཅུ་ལྷག་གི་རིང་བོད་དུ་མི་སེར་སྤེལ་བའི་སྲིད་ཇུས་ལག་བསྟར་བྱས་པའི་རིང་། ཆོས་ལུགས་རྩ་མེད་དུ་གཏོང་ཕྱོགས་ཀྱི་ལས་དོན་མང་པོ་ཞིག་སྒྲུབ་ནས་བོད་མིའི་ངོ་བོ་མཚོན་ཐུབ་པའི་ཆོས་ཀྱི་རིག་གཞུང་དག་ལ་གཏོར་བརླག་དང་། ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་མི་དམངས་རྣམས་ཀྱི་དད་མོས་ལ་ཕོག་ཐུག་གཏོང་བ། བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་དང་ཆོས་ལུགས་ལས་དོན་ལ་ཚོད་འཛིན། ཆོས་བྱེད་མི་སྣ་འཛིན་བཟུང་བཅས་བྱེད་བཞིན་པ་མ་ཟད། བོད་ཀྱི་ཆོས་ལུགས་མི་སྣར་སྲིད་ཀྱི་ཆོ་ལོ་སྤྲད་ནས་ཆོས་ལུགས་ཆབ་སྲིད་དབང་སྒྱུར་གྱི་ལག་ཆ་གཙོ་བོ་རུ་བེད་སྤྱོད་གཏོང་བཞིན་པ།

༢) བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་སོགས་བོད་ཀྱི་ཡུལ་དུས་གནས་བབ་དང་མི་མཐུན་པའི་ཁྲིམས་དང་སྒྲིག་གཞི་མང་པོ་འཛུགས་བཞིན་པ། རྒྱ་ནག་གཞུང་གིས་ཆོས་ལུགས་ལས་དོན་སྲོལ་ཡིག་དང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་བྱེད་ཐབས་སོགས་གཏན་འབེབས་བྱས་ཏེ་དགོན་པའི་ལས་དོན་ལ་བཀག་སྡོམ་དང་ཇུས་གཏོགས་བྱེད་བཞིན་པ་རེད།

༣) རྒྱ་ནག་གཞུང་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས། ད་ལྟའི་བར་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྟེང་དབྱེ་འབྱེད་ཀྱི་སྲིད་ཇུས་རབ་དང་རིམ་པ་མང་པོ་ཞིག་ལག་བསྟར་བྱས་དང་བྱེད་མུས་རེད། དཔེར་ན། ཆོས་ཁྲིད་བྱེད་པ་དང་། གནས་མཇལ་དུ་འགྲོ་བ། དྲྭ་ལམ་དུ་ཆོས་ཀྱི་ནང་དོན་སྤེལ་བ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ། ཆོས་དཔེ་པར་སྐྲུན་བྱེད་པ་སོགས་ཀྱི་ལས་དོན་མང་པོ་ཞིག་རྒྱ་མིས་སྒྲུབ་ཆོག་ནའང་། བོད་མི་རྣམས་ཀྱིས་སྒྲུབ་མི་ཆོག་པའི་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ་བོད་མིའི་ཆོས་དད་རང་དབང་ལ་གནོད་པ་བྱེད་ཀྱི་ཡོད་པ་ལྟ་བུའོ།།

ལྔ་བ། མི་སེར་སྤེལ་བའི་དབང་སྒྱུར་འོག་ཏུ་བོད་མི་རྣམས་ལ་ཆོས་དད་རང་དབང་མེད་པའི་དཔེ་མཚོན་གཙོ་བོ་གང་དག་ཡོད་དམ།

༡) ཆོས་ལུགས་ཀྱི་མགོ་ཁྲིད་བཀག་སྡོམ། བོད་ཀྱི་བླ་སྤྲུལ་དང་། དགེ་བཤེས། མཁན་པོ་སོགས་དགེ་འདུན་པ་དང་བཙུན་མ་དག་ཕྱིིའི་རྒྱལ་ཁབ་ལ་ཆོས་ཕྱོགས་ཀྱི་ལས་དོན་སྒྲུབ་ཏུ་འགྲོ་རུ་འཇུག་གི་མེད་པ་མ་ཟད། རྒྱལ་ནང་གི་ས་ཕྱོགས་གཞན་དག་ལ་ཆོས་ཁྲིད་བྱེད་དུ་འགྲོ་བའམ་གནས་མཇལ་དུ་འགྲོ་རྒྱུར་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་པ།

༢) དད་པ་བྱེད་ཡུལ་ཚོད་འཛིན། ཕྱིའི་རྒྱལ་ཁབ་དུ་གནས་བཞུགས་ཀྱི་ཆོས་ལུགས་མི་སྣ་གལ་ཆེན་དག་གི་སྐུ་པར་དགོན་པ་དང་། སྒེར་གྱི་ཁྱིམ་ཚང་གི་མཆོད་ཁང་དུ་བཤམས་མི་ཆོག་པ་དང་། བོད་ཀྱི་ས་གནས་མང་པོའི་ནང་དུ་གཞུང་གི་ལས་བྱེད་སླེབས་ནས་ཁོང་རྣམ་པའི་སྐུ་པར་ཡོད་མེད་སྔོག་བཤེར་བྱེད་བཞིན་པ།

༣) བཙན་གྱིས་དད་པ་བྱེད་དུ་འཇུག་པ། བོད་མི་རྣམས་ཀྱིས་དད་མོས་བྱ་འདོད་མེད་པའི་གཞུང་ཕྱོགས་ཀྱི་བླ་སྤྲུལ་མི་སྣར་བཙན་གྱིས་མཇལ་ཁ་དང་ཕེབས་བསུ་བྱེད་དུ་འཇུག་པ་དང་། མི་དམངས་ཀྱིས་དད་མོས་དང་ངོས་ལེན་བྱེད་ཀྱི་མེད་པའི་ལྷ་རྟེན་དང་སྐུ་འདྲ་སོགས་བཙན་གྱིས་འཛུགས་སྐྲུན་བྱས་ཏེ་མི་དམངས་ཀྱི་དད་མོས་ལ་ཕོག་ཐུག་གཏོང་བཞིན་པ།

༤) ཆོས་ཕྱོགས་ཀྱི་མཛད་སྒོ་ཚོད་འཛིན། གཞུང་གི་ལས་ཁུངས་རིམ་པ་མང་པོ་ཞིག་གི་ཆོག་མཆན་མ་ཐོབ་ཚེ་བླ་མ་དགེ་བའི་བཤེས་གཉེན་གྱིས་དབང་ལུང་གནང་བ་དང་། ཆོས་ཁྲིད་བྱེད་པ། ཆོས་སྟོན་དང་ཁྲི་སྟོན་བྱེད་པ། བཅིབས་བསུ་བྱེད་པ། སྨོན་ལམ་འཚོགས་པ། བསང་མཆོད་བྱེད་པ་སོགས་ཀྱི་འདུ་འཛོམས་ཆེ་ཁག་གི་རིགས་ལ་ཚོད་འཛིན་བཀག་སྡོམ་བྱེད་བཞིན་པ།

༥) དྲ་ལམ་དུ་ཆོས་དད་རང་མོས་བཀག་སྡོམ་བྱེད་བཞིན་པ། ཆོས་ཕྱོགས་དང་འབྲེལ་བའི་རྩོམ་ཡིག་དང་། ཆོས་འཆད་ཁྲིད་ཀྱི་སྒྲ་དང་བརྙན་སོགས་འགོད་སའི་དྲྭ་ཚིགས་ཁག་སྒོ་རྒྱག་པ་དང་དེ་ལ་ལྟ་རྟོག་ཚོད་འཛིན་བྱེད་པ། སྐད་འཕྲིན་བརྒྱུད་ལམ་དུ་མ་ཎི་ཚོགས་པ་སོགས་ཆོས་ཕྱོགས་དང་འབྲེལ་བའི་ཚོགས་པའི་རིགས་བཙུགས་ཚེ་འདྲི་བརྩད་འབོད་འགུགས་དང་། བཀག་ཉར་སོགས་ཀྱི་ལམ་ནས་དེ་ལྟར་བྱེད་མཁན་ལ་དོ་དམ་དང་འཇིགས་སྐུལ་བྱེད་བཞིན་པ།

༦) ཆོས་དེབ་དཔར་སྐྲུན་འགྲེམས་སྤེལ་བཀག་སྡོམ་ཚོད་འཛིན། བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་མཁས་པས་བརྩམས་པའི་གསུང་འབུམ་སོགས་པར་སྐྲུན་དང་ཉོ་ཚོང་བྱ་རྒྱུར་ཚད་བཀག་ངེས་ཅན་ཡོད་པ་མ་ཟད། དེ་དག་སྦྲགས་ཁང་ནས་ཕར་ཚུར་བསྐུར་རྒྱུར་ཡང་ཚོད་འཛིན་བྱེད་བཞིན་པ།

༧) དགོན་པའི་འཛིན་སྐྱོང་ལ་ཐེ་གཏོགས་བྱེད་བཞིན་པ། རྒྱ་ནག་གཞུང་གིས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་གཏོང་རྒྱུ་དང་། བོད་ཁུལ་བརྟན་ལྷིང་ཡོང་ཐབས་བྱ་རྒྱུ་ཟེར་བའི་སྲིད་ཇུས་དང་འཆར་གཞི་ཁག་ལག་བསྟར་བྱ་ཆེད། བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་མཉམ་འབྲེལ་འཛིན་སྐྱོང་བྱེད་ཐབས་དང་། འབྲེལ་མཐུད་འཛིན་སྐྱོང་བྱེད་ཐབས། རང་བདག་འཛིན་སྐྱོང་བྱེད་ཐབས་སོགས་སྤྱད་ནས། དགོན་པའི་ནང་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་། དགོན་སྡེ་དམངས་གཙོའི་བདག་གཉེར་ལྷན་ཁང་། དགོན་པའི་མངགས་གཏོང་ཁང་དང། དགོན་སྡོད་ལས་བྱེད་སྡེ་ཚན་བཅས་བཙུགས་ནས་དགོན་པའི་ཆོས་ཕྱོགས་ཀྱི་ལས་དོན་ཁག་དང་། གྲྭ་བཙུན་དག་གི་འགྲོ་འདུག་སྤྱོད་གསུམ་མཐའ་དག་ལ་ཚོད་འཛིན་ནན་མོ་བྱེད་བཞིན་པ་དང་། ཐ་ན་དགོན་པའི་ནང་འགྲོ་འོང་བྱེད་མཁན་གྱི་མི་སེར་དཀྱུས་མ་ལའང་དེ་མཚུངས་ཀྱི་ལྟ་རྟོག་དང་ཚོད་འཛིན་བྱེད་བཞིན་པ།

༨) གྲྭ་བ་དང་བཙུན་མ་བཙན་དབང་གིས་དགོན་པ་ནས་ཕྱིར་ཕུད་བཏང་དེ་སློབ་གྲྭར་འཇུག་བཞིན་པ། ཉེ་བའི་ལོ་ཁ་ཤས་ཀྱི་རིང་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་པོའི་ནང་དུ། གྲྭ་ཕྲུག་དང་བཙུན་མ་ལོ་གཞོན་དག་བཙན་གྱིས་དགོན་པ་ནས་ཕུད་དེ་བཅའ་སྡོད་སློབ་གྲྭའི་ནང་འཇུག་བཞིན་པ་དང་། ཁྱད་པར་དུ་གཞུང་གི་རོགས་སྐྱོབ་ལེན་བཞིན་པའི་ཁྱིམ་ཚང་ལ་རོགས་སྐྱོབ་མི་བྱ་རྒྱུའི་འཇིགས་སྐུལ་སོགས་བྱས་ནས་བུ་ཕྲུག་གྲྭ་ས་ནས་སློབ་གྲྭར་སྐྱེལ་བཞིན་པ་དང་། ལས་བྱེད་པའི་ཁྱིམ་ཚང་ལ་ཡང་དེ་ལྟར་འཇིགས་སྐུལ་དང་བཙན་སྐུལ་བྱེད་བཞིན་པ།

༩) དགོན་པའི་སློབ་གསོའི་སྒྲིག་གཞིར་ཚོད་འཛིན་བྱེད་བཞིན་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་གཏོང་བ་ཅེས་པའི་སྲིད་ཇུས་ཀྱི་བཙན་དབང་འོག་ཏུ། གཞུང་གིས་ནང་བསྟན་སློབ་གྲྭ་ཞེས་པ་བཙུགས་ཤིང་། དེ་ལ་བཙན་གྱིས་གྲྭ་བ་བསྡུས་ནས་རྒྱ་སྐད་རྒྱ་ཡིག་གི་ལམ་ནས་ནང་ཆོས་སློབ་སྦྱོང་བྱེད་དུ་འཇུག་བཞིན་པ་དང་། དེའི་སྟེང་གྲྭ་བ་རྣམས་ལ་བཙན་གྱིས་རྒྱ་ཡིག་སྦྱང་དུ་འཇུག་པ་དང་། ཆབ་སྲིད་སློབ་སྦྱོང་བྱེད་དུ་འཇུག་པ། ཏང་གི་སློབ་གསོ་སྤེལ་བ་སོགས་བྱེད་བཞིན་པ།

༡༠) དགོན་པའི་རྟེན་དང་བརྟེན་པ་གཏོར་བཤིག་གཏོང་བཞིན་པ། རྒྱ་གཞུང་རང་གི་དགོས་མཁོ་ལྟར་དགོན་པ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་བཞིན་པའམ། ལྷ་སྐུ་སོགས་དད་པའི་རྟེན་དུ་གྱུར་བའི་དངོས་རྫས་ལ་གཏོར་སྐྱོན་བཏང་དང་གཏོང་བཞིན་པ། དཔེར་ན། བྲག་མགོ་རུ་ལྷ་སྐུ་གཏོར་བཤིག་བཏང་བའི་གནས་ཚུལ་དང་། སྡེ་དགེ་རུ་དགོན་པ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་བཞིན་པ། བྲག་དཀར་རྫོང་དུ་ཨ་ཚོགས་དགོན་པ་གནས་སྤོར་དུ་བཅུག་པ་ལྟ་བུ།

༡༡) གྲྭ་བཙུན་གྱི་འགྲོ་འདུག་རང་དབང་ཚོད་འཛིན་བྱེད་བཞིན་པ། དགེ་འདུན་པ་ཞིག་ས་གནས་གཞན་ལ་འགྲོ་ཚེ་ངེས་པར་དུ་གཞུང་ཕྱོགས་ཀྱི་ལས་ཁུངས་ནས་ཆོག་མཆན་ཐོབ་དགོས་པ་དང་། ཁྱད་པར་དུ་ལྷ་ས་སོགས་དབུས་གཙང་གི་ས་ཁུལ་ལ་འགྲོ་ཚེ་གཏན་ནས་འགྲོ་རུ་མི་འཇུག་པའམ་ཡང་ན་འཐབ་ཕྱོགས་གཅིག་གྱུར་ཁང་སོགས་ནས་ཆོག་མཆན་ཞུ་དགོས་པའི་ཚད་བཀག་བཟོས་ཡོད་པ།

༡༢) བོད་མིའི་སྡོད་ཁང་གི་ཕྱི་ལ་ཆོས་ལུགས་ཀྱི་མཚོན་རྟགས་ཅན་གྱི་དངོས་རྫས་བཞག་མི་ཆོག་པ། བོད་ཀྱི་ས་ཆ་ཁ་ཤས་སུ་སྡོད་ཁང་གི་མདུན་དང་། ཁང་ཐོག་སོགས་སུ་ཡོད་པའི་དར་ལྕོག་དང་། བསང་ཁྲི་སོགས་བཙན་གྱིས་གཏོར་བཞིན་པ།

༡༣) སློབ་མའི་ཆོས་དད་རང་དབང་བཀག་སྡོམ་བྱེད་བཞིན་པ། བོད་ཁུལ་གྱི་སློབ་གྲྭ་ཁག་གི་ནང་དུ་དགེ་རྒན་དང་སློབ་མས་ཕྲེང་བ་དང་སྲུང་འཁོར་འདོགས་མི་ཆོག་པ། ཁ་ཏོན་འདོན་མི་ཆོག་པ་སོགས་ཀྱི་སྒྲིག་སྲོལ་བཙུགས་ཏེ་སྐབས་རེར་རྫོང་གི་ལས་བྱེད་སླེབས་ནས་རྩད་གཅོད་བྱེད་བཞིན་པ། གཞན་ཉིས་སྟོང་ཉེར་བཞི་ལོར་རེབ་གོང་ལྟ་བུར་མཚོན་ན་གུང་གསེང་གི་སྐབས་སུ་སློབ་ཕྲུག་དག་མཇལ་སྐོར་ལ་སོང་མི་ཆོག་པ་དང་། ཁྱད་པར་དུ་ལྷ་ས་ལ་སོང་མི་ཆོག་པ། གལ་ཏེ་སློབ་མ་དག་ས་གནས་གཞན་ལ་འགྲོ་ཚེ་སློབ་གྲྭར་སྙན་ཞུ་བྱེད་དགོས་པ་སོགས་ཀྱི་བརྡ་ཐོ་ཡང་བཏང་འདུག་པ་ལྟ་བུ།

༡༤) བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཐག་གཅོད་ཐད་ཐེ་གཏོགས་ཆེན་པོ་བྱེད་བཞིན་པ། སྤྱི་ལོ་ཉིས་སྟོང་བདུན་ལོའི་སྤྱི་ཟླ་བདུན་པའི་ནང་། རྒྱ་ནག་དབུས་ཆོས་ལུགས་ལས་དོན་ཁང་གིས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཅེས་པ་བཏོན་ནས་བོད་ཀྱི་སྲོལ་རྒྱུན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་ཕྱོགས་ལ་ཚོད་འཛིན་དང་བཀག་སྡོམ་བྱ་རྒྱུའི་མགོ་བརྩམས་ཞིང། ལོ་དེའི་སྤྱི་ཟླ་དགུ་བའི་ཚེས་གཅིག་ནས་བཟུང་བྱ་ཐབས་དེ་དངོས་སུ་ལག་བསྟར་བྱས་ཏེ་སྤྲུལ་སྐུའི་ཡང་སྲིད་ཀྱི་མཐའ་མའི་ཐག་གཅོད་ཀྱི་དབང་ཚད་གཞུང་ལ་ཡོད་པའི་གཏན་འབེབས་བྱས།

༡༥) དགོན་པའི་ཡོང་སྒོ་རྒྱ་གཞུང་གིས་བདག་བཟུང་བྱེད་བཞིན་པ། བོད་ཀྱི་དགོན་པ་ཁག་ལ་ཕུལ་བའི་དད་རྫས་ཀྱི་རྒྱུ་ནོར་དང་། ཞལ་འདེབས་སུ་ཕུལ་བའི་རྒྱུ་རྫས་སོགས་ཐད་ཀར་དགོན་པ་ལ་མི་དབང་བར་ས་གནས་ཀྱི་གཞུང་འབྲེལ་ལས་ཁུངས་ཀྱིས་སྒེར་བདག་བྱེད་བཞིན་པ། དཔེར་ན། བོད་ཀྱི་དད་རྫས་རྒྱུ་ནོར་གྱི་ཡོང་སྒོ་ཆེས་མང་བའི་ལྷ་སའི་གཙུག་ལག་ཁང་ལྟ་བུར་མཚོན་ན། རྒྱུ་རྫས་དེ་དག་ལྷ་སའི་ཆོས་ལུགས་ཅུའུ་དང་། གནའ་རྫས་དོ་དམ་ལས་ཁུངས། ཡུལ་སྐོར་ལས་ཁུངས་སོགས་ཀྱིས་བདག་འཛིིན་བྱེད་ཀྱི་ཡོད་པ་ལྟ་བུའོ།

༡༦) གྲྭ་བཙུན་གྱི་གྲངས་འབོར་ཚད་བཀག་བཟོ་བཞིན་པ། རྒྱ་ནག་གཞུང་གིས་ལོ་ན་བཅོ་བརྒྱད་ལ་མ་སོན་ཚེ་གྲྭ་བཙུན་བྱས་མི་ཆོག་པའི་གཏན་འབེབས་བྱས་ཤིང་། གཞན་དབུས་ཀྱི་གདན་ས་གསུམ་དང་། བླ་རུང་སྒར། འབའ་སེང་ཁྲི་ཆོས་གྲྭ་ཆེན་མོ་སོགས་དགོན་པ་ཁག་ཅིག་ནས་ས་གནས་གཞན་གྱི་གྲྭ་བ་ཕྱིར་ཕུད་བྱེད་དུ་འཇུག་བཞིན་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དགོན་པ་ཁག་གི་གྲྭ་རྒྱུན་གཅོད་ཐབས་བྱེད་བཞིན་པ།

༡༧) དགོན་པའི་འཛུགས་སྐྲུན་རྒྱ་བསྐྱེད་བྱས་མི་ཆོག་པ། དགོན་པའི་དགོས་མཁོ་ལྟར་ལྷ་ཁང་དང་། སློབ་ཁང་ སོགས་འཛུགས་སྐྲུན་གྱི་རིགས་གསར་བ་གཅིག་ཀྱང་བྱས་མི་ཆོག་པ།

༡༨) གློག་མིག་བརྒྱུད་ནས་གྲྭ་བཙུན་གྱི་འགྲོ་འདུག་སྤྱོད་གསུམ་ལ་ཚད་ལས་བརྒལ་བའི་སྟངས་འཛིན་བྱེད་བཞིན་པ། གཞུང་གིས་དགོན་པའི་གླིང་སྐོར་དང་། ཆོས་ར། འདུ་ཁང་། ལྷ་ཁང་། མཚམས་ཁང་སོགས་གང་སར་གདོང་བཤེར་བྱ་ཐུབ་པའི་གློག་མིག་བཙུགས་ནས་གྲྭ་བ་དང་བཙུན་མའི་འགྲོ་འདུག་རང་དབང་ལ་ཚོད་འཛིན་དང་། སྒེར་གྱི་གསང་རྒྱ་ལ་དོ་ཕོག་བཟོ་བཞིན་པ།

༡༩) དགོན་པའི་ནང་བཙན་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བཞིན་པ། གྲྭ་བཙུན་རྣམས་ལ་བཙན་གྱིས་ཆབ་སྲིད་སློབ་གསོ་སྤེལ་བ་དང་། རྒྱལ་གླུ་ལེན་དུ་འཇུག་པ། རྒྱལ་དར་སྒྲེང་དུ་འཇུག་པ་སོགས།

༢༠) གནས་མཇལ་བ་དང་མཆོད་མཇལ་བའི་འགྲོ་འདུག་རང་དབང་བཀག་སྡོམ་བྱེད་བཞིན་པ། བོད་མི་སྐྱ་སེར་གཉིས་ཀྱི་མཆོད་མཇལ་བ་ཞིག་རྒྱ་གར་དང་བལ་ཡུལ། ཐེ་ལན་ཌི་སོགས་སུ་མཆོད་མཇལ་དུ་འགྲོ་ཚེ་ཕྱི་སྐྱོད་ལམ་ཡིག་སྤྲོད་ཀྱི་མེད་པ་མ་ཟད། བོད་ཡུལ་ནང་ཁུལ་གྱི་ས་གནས་སུ་མཆོད་མཇལ་ལ་འགྲོ་རྒྱུར་ཡང་བཀག་འགོག་བྱེད་ཀྱི་ཡོད་པ།

དྲུག་པ། ཆོས་ལུགས་བརྒྱུད་ནས་མི་སེར་སྤེལ་བའི་དབང་སྒྱུར་ལྡོག་ཐབས་བྱས་པའི་ལོ་རྒྱུས་ཀྱི་དཔེ་མཚོན།

མི་སེར་སྤེལ་བའི་རིང་ལུགས་བྱུང་ནས་ལོ་ཉིས་བརྒྱ་འགོར་བའི་རིང་ལ། རྒྱལ་ཁབ་ཁ་ཤས་ཀྱི་ནང་དུ་ཆོས་ལུགས་ཀྱི་དབུ་ཁྲིད་ཚོས་བཙན་དབང་གི་ལམ་ལུགས་དེར་འགོག་རྒོལ་བྱེད་པའི་ལས་འགུལ་གྱི་སྣེ་ཁྲིད་ཅིང་། མཐའ་མར། ཕྱི་ཡི་བཙན་འཛུལ་གྱི་སྟོབས་ཤུགས་རང་ཡུལ་ནས་མཐར་སྐྲོད་བཏང་བའི་བྱ་གཞག་གི་ཁྲོད་དུ་བྱས་རྗེས་ཆེན་པོ་བཞག་ཡོད། དེ་འདྲའི་དཔེ་མཚོན་ཁ་ཤས་ཤིག་བགྲངས་ན།

༡) རྒྱ་གར་དུ་ཧིན་རྡུའི་ཆོས་ལུགས་དང་། ཁ་ཆེའི་ཆོས་ལུགས། སིག་གི་ཆོས་ལུགས་སོགས་ཀྱིས་རྒྱ་གར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བཟང་སྤྱོད་དང་གཅིག་སྒྲིལ་གྱི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། གྷན་དྷི་དང་ཨ་ཛད་ལྟ་བུའི་འགོ་ཁྲིད་ཚོས་མི་སེར་སྤེལ་བའི་རིང་ལུགས་ལ་འགོག་རྒོལ་བྱ་རྒྱུ་ནི་ཆོས་ལུགས་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ཡོད་ཅིང་། སིག་གི་ཆོས་ལུགས་ཀྱིས་ཀྱང་རང་སྐྱོང་གི་ཆེད་དུ་དེ་ལ་ངོ་རྒོལ་བྱས་ཡོད། རྒྱ་གར་ནི་དབྱིན་ཇིའི་བཙན་དབང་ལ་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ནས་ངོ་རྒོལ་བྱེད་མཁན་གྱི་དཔེ་མཚོན་གྲགས་ཅན་ཞིག་ཡིན་ལ། གྷན་དྷིའི་སྣེ་ཁྲིད་ཀྱི་འོག་ཚྭའི་གོམ་བགྲོད་དང་། དབྱིན་ཇི་རྒྱ་གར་ནས་ཕྱིར་ཕུད་གཏོང་བའི་ལས་འགུལ། དེ་བཞིན་དབྱིན་ཇིའི་ཅ་དངོས་ནང་འདྲེན་མི་བྱེད་པའི་ལས་འགུལ་སྤེལ་ནས་རས་ཆ་སོགས་ས་གནས་ཀྱི་ཐོན་རྫས་རང་ཉིད་ཀྱིས་ཐོན་སྐྱེད་བྱས་ཤིང་། ས་གནས་མི་དམངས་ཀྱི་སྤོབས་པ་བསྐྱེད་པའི་རང་ཁ་རང་གསོའི་ལས་གཞི་སོགས་མགོ་འཛུགས་གནང་སྟེ། ལོ་ངོ་༢༠༠་ཡི་རིང་དབྱིན་ཇིས་མི་སེར་སྤེལ་ཡུལ་ཆགས་པའི་རྗེས་ལ་མཐའ་མར་རྒྱ་གར་གྱི་རང་བཙན་སླར་གསོ་བྱས་ཡོད།

༢) ཨར་ཅི་རི་ཡ་རྒྱལ་ཁབ་དུ་ཧྥ་རན་སིའི་མི་སེར་སྤེལ་བའི་དབང་སྒྱུར་ལ་རྒོལ་བའི་ལས་འགུལ་གྱི་ནང་དུ་ཁ་ཆེའི་ཆོས་ལུགས་ཀྱིས་ནུས་པ་ཆེན་པོ་ཐོན་ཡོད། ཆོས་ལུགས་ཀྱི་འགོ་ཁྲིད་ཚོས་འཐབ་རྩོད་དེ་ཆོས་ཀྱི་རྩ་ཆེའི་འགན་འཁྲི་ཞིག་ཡིན་པར་ངོས་འཛིན་གྱིས་མང་ཚོགས་སྐུལ་སློང་བྱས་ཤིང་། ཁོ་ཚོས་ཆོས་ལུགས་ཀྱི་བསླབ་བྱ་བཏང་ནས་འཐབ་རྩོད་པ་རྩ་འཛུགས་དང་། སྡེ་ཁག་འདྲ་མིན་གྱི་བར་ལ་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཡོད། ཁ་ཆེའི་ལྷ་ཁང་དང་སློབ་གྲྭ་ཁག་མཉམ་འབྲེལ་དང་། ཤེས་ཡོན། འགོག་རྒོལ་བཅས་ཀྱི་ལྟེ་གནས་གཙོ་བོར་བསྒྱུར་དེ་རྒྱལ་ཁབ་སླར་གསོའི་ཐད་བྱས་རྗེས་བཞག

༣) ཐེ་ལན་ཌི། ཐའེ་ལན་ཌི་ནི་མི་སེར་སྤེལ་མཁན་རྒྱལ་ཁབ་ཁག་གི་དབང་འོག་ཏུ་གཏན་ནས་ཚུད་མ་མྱོང་བའི་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་གཅིག་པུ་དེ་ཡིན་ལ། དེ་ལྟར་གནས་ཐུབ་པར་ནང་ཆོས་ཀྱིས་འགག་རྩའི་ནུས་པ་གལ་ཆེན་ཐོན་ཡོད། སྐབས་དེའི་ཐེ་ལན་ཌིའི་རྒྱལ་པོ་ཚོས་མི་སེར་སྤེལ་མཁན་གྱི་སྟོབས་ཤུགས་ལ་དྲག་པོའི་འཐབ་རྩོད་མ་བརྒྱུད་པར། རྗེས་ལུས་ནི་མི་སེར་སྤེལ་བའི་རྒྱུ་མཚན་དུ་བགྲངས་མཁན་གྱི་བཙན་འཛུལ་པའི་འདོད་ཚུལ་ལ་ཞི་བའི་སྒོ་ནས་ཁ་གཏད་བཅག་ཅིང་། ནང་ཆོས་དེ་རྒྱལ་ཁབ་འཛུགས་སྐྲུན་དང་། སྣ་མང་དང་ཁ་འཐོར་གྱི་མི་སྡེ་ཁག་གཅིག་བསྡུ། འཛིན་སྐྱོང་སྒྲིག་འཛུགས་ཁག་ལ་བསྒྱུར་བཅོས། སྤྱི་ཚོགས་དེང་རབས་ཅན་དུ་བསྒྱུར་ཐབས་སོགས་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་བཏང་བའི་དགེ་མཚན་ལ་བརྟེན་ནས་མཐའ་མར་ཐེ་ལན་ཌི་རྒྱལ་ཁབ་མི་སེར་སྤེལ་བའི་དབང་འོག་ཏུ་ཚུད་མེད།

བདུན་པ། ཆོས་ལུགས་དད་མོས་རང་དབང་དང་འབྲེལ་བའི་ཁྲིམས་ཀྱི་ཐོབ་ཐང་།

བོད་མི་རྣམས་ཀྱིས་གཤམ་དུ་འཁོད་པའི་སོ་སོའི་ཁྲིམས་ཀྱི་ཐོབ་ཐང་སྤྱད་ནས་ཆོས་ལུགས་དད་མོས་རང་དབང་ལ་སྲུང་སྐྱོབ་བྱས་ཆོག་སྟེ།

༡) ཀྲུང་གོའི་རྩ་ཁྲིམས་ཀྱི་དོན་ཚན་༣༦་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་ཆོས་དད་ཀྱི་རང་དབང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། མི་སྒེར་བ་བཅས་གང་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་ཆོས་དད་བྱེད་དུ་འཇུག་པའམ་ཡང་ན་བཙན་ཤེད་ཀྱིས་ཆོས་དད་བྱ་རྒྱུར་བཀག་འགོག་བྱས་མི་ཆོག་ཅིང་། ཆོས་དད་བྱེད་མཁན་སྤྱི་དམངས་དང་ཆོས་དད་མེད་པའི་སྤྱི་དམངས་སུ་ལའང་མཐོང་ཆུང་བྱས་མི་ཆོག གཞན་ཡང་རྒྱལ་ཁབ་ཀྱིས་ཆོས་ལུགས་ཀྱི་རྒྱུན་ལྡན་བྱེད་སྒོ་ལ་སྲུང་སྐྱོང་བྱ་དགོས་པའི་ནང་དོན་སོགས་འཁོད་ཡོད།

༢) མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༡༡་པའི་ནང་དུའང་། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ་དང་། དེ་བཞིན་རྩ་ཁྲིམས་ཀྱི་དོན་ཚན་༣༦་པའི་ནང་ལྟར་སྤྱི་དམངས་ལ་བཙན་ཤེད་སྤྱད་ནས་ཆོས་དད་བྱེད་དུ་འཇུག་པའམ་ཡང་ན་བཙན་ཤེད་སྤྱད་ནས་ཆོས་དད་བྱེད་དུ་མི་འཇུག་པ་སོགས་བྱས་མི་ཆོག་པའི་ནང་དོན་འཁོད་ཡོད།

༣) ཡང་ཀྲུང་གོའི་ཉེས་ཁྲིམས་ཀྱི་དོན་ཚན་༢༥༡་པའི་ནང་དུའང་། རྒྱལ་ཁབ་ཀྱི་ལས་བྱེད་པས་ཁྲིམས་འགལ་ངང་སྤྱི་དམངས་ཀྱི་ཆོས་ལུགས་དད་མོས་རང་དབང་འཕྲོག་པ་དང་། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གནོད་འཚེ་བཏང་སྟེ་གནས་ཚུལ་ཚབས་ཆེན་གྱི་རིགས་བསྐྱེད་ཚེ། དེ་ལ་ལོ་གཉིས་ལས་མི་བརྒལ་བའི་དུས་བཀག་བཙོན་འཇུག་དང་ཡང་ན་ཉེས་དོན་བཀག་ཉར་གྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད།

ཀྲུང་གོའི་སློབ་གསོའི་ཁྲིམས་ཀྱི་ནང་དུ་ཆོས་ལུགས་དད་མོས་ཡོད་མེད་ལ་མ་ལྟོས་པར་ཁྲིམས་ལྟར་འདྲ་མཉམ་ངང་སློབ་གསོའི་གོ་སྐབས་ལོངས་སྤྱོད་བྱ་རྒྱུའི་ཐོབ་ཐང་ཡོད་ཅེས་གཏན་འབེབས་བྱས་ཡོད།

བརྒྱད་པ། བོད་མིའི་ཆོས་དད་རང་དབང་བརྩོན་ལེན་བྱ་ཕྱོགས་ཀྱི་དབྱེ་ཞིབ་སྣ་བཞི།

སྟོབས་ཤུགས་སམ་བཟང་ཆ། །ཞན་ཆའམ་མི་འདང་ས། གོ་སྐབས།ཉེན་ཁ།
བོད་མི་བརྒྱ་ཆའི་དགུ་བཅུ་གོ་གྲངས་ཆོས་ལུགས་ལ་དད་པ་བྱེད་མཁན་ཡིན་པ། མི་རྣམས་ལ་ཆོས་དད་རང་དབང་རྩོད་ལེན་བྱ་ཕྱོགས་ཀྱི་གོ་རྟོགས་ཞན་པ། དྲྭ་རྒྱའི་བརྒྱུད་ལམ་ནས་ཆོས་དད་རང་དབང་གི་གནས་ཚུལ་སྤེལ་རྒྱུར་སྟབས་བདེ་བ། གཞུང་གིས་ཆོས་དད་རང་དབང་ལ་ཚོད་འཛིན་གྱི་སྲིད་ཇུས་རབ་དང་རིམ་པ་མང་པོ་སྤེལ་བཞིན་པ།
གྲྭ་བ་དང་བཙུན་མའི་མི་འབོར་མང་བ། བོད་ཀྱི་ཆོས་རྒྱུད་གྲུབ་མཐའ་ཁག་གི་བར་དུ་མཐུན་སྒྲིལ་མེད་པ། དྲྭ་ལམ་ནས་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་འདོན་སྤྲོད་བྱ་རྒྱུའི་གོ་སྐབས་མང་བ། ཆོས་དད་རང་དབང་རྩོད་ལེན་གྱི་ལས་དོན་དག་ཆབ་སྲིད་ཀྱི་ངོ་བོར་སྒྱུར་རྒྱུའི་ཉེན་ཁ་ཡོད་པ།
བོད་མི་ཕལ་ཆེ་བས་དྲྭ་རྒྱ་བེད་སྤྱོད་གཏོང་བཞིན་པ། ཆབ་སྲིད་ཀྱི་བཀག་རྒྱ་ཆེ་བས་ཆོས་དད་རང་དབང་རྩོད་ལེན་གྱི་འདུ་འཛོམས་བཀོད་སྒྲིག་བྱེད་མི་ཐུབ་པ། ཚོགས་པའི་ངོས་ནས་སྒྲུབ་མི་ཐུབ་པའི་ལས་དོན་དག་མི་སྒེར་བའི་ངོས་ནས་སྒྲུབ་རྒྱུའི་གོ་སྐབས་ཡོད་པ། གཞུང་གིས་བོད་ཀྱི་གྲུབ་མཐའ་ཕན་ཚུན་བར་འགལ་ཟླ་བཟོས་ནས་བོད་མིའི་ཐོབ་ཐང་རྩོད་ལེན་གྱི་སྟོབས་ཤུགས་ཆུང་རུ་གཏོང་རྒྱུའི་ཉེན་ཁ།
བོད་ལ་རྒྱལ་སྤྱིའི་ནང་མིང་གྲགས་ཆེ་བའི་ཆོས་ལུགས་ཀྱི་དབུ་ཁྲིད་མང་བ། ཆོས་དད་རང་དབང་གི་ཐད་ཡིག་ངག་གཉིས་ཐོག་ནས་བསམ་ཚུལ་འདོན་རྒྱུའི་ཆབ་སྲིད་ཀྱི་ཁོར་ཡུག་མེད་པ། ཆོས་ལུགས་ཀྱི་འདུ་འཛོམས་ཁག་དུས་མཉམ་གཅིག་ལ་དྲྭ་ལམ་ནས་ཚོགས་རྒྱུའི་གོ་སྐབས་ཡོད་པ། ཆོས་ལུགས་མཐོ་རིམ་མི་སྣའི་མཚན་གནས་འཛིན་མཁན་དག་གི་གོ་གནས་གཞུང་གིས་ལག་ཆར་སྤྱད་ནས་བོད་མི་དམངས་ཀྱི་ཆོས་དད་རང་དབང་རྩོད་ལེན་གྱི་ལམ་ལ་བཀག་རྒྱ་ཤུགས་ཆེན་པོ་ཐེབས་རྒྱུའི་ཉེན་ཁ་ཡོད་པ།
རྒྱལ་སྤྱིའི་ཚོགས་སྡེ་དང་མི་སྒེར་བ་མང་པོས་བོད་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་བཞིན་པ། ཤུགས་རྐྱེན་ཆེ་བའི་མི་སྣ་མང་པོ་ཞིག་ཆོས་ཕྱོགས་ཀྱི་མགོ་ཁྲིད་ཡིན་ལ་གཞུང་གི་ལས་བྱེད་ཀྱང་ཡིན་པ། གཞུང་འབྲེལ་དུས་ཆེན་དང་བསྟུན་ནས་ཆོས་ཀྱི་བྱེད་སྒོ་སྤེལ་རྒྱུའི་གོ་སྐབས་འཛིན་རྒྱུ། གཞུང་གི་སྲིད་ཇུས་དང་འབྲེལ་ནས་བོད་ཀྱི་ན་གཞོན་རྣམས་ཀྱི་དད་མོས་ཤུགས་ཆུང་རུ་འགྲོ་བཞིན་པ།
ཆོས་དད་རང་དབང་རྩོད་ལེན་བྱ་རྒྱུར་འཐུས་སྒོ་ཚང་ཞིང་ཞིབ་ཚགས་ལྡན་པའི་ལམ་སྟོན་གྱི་སྒྲོམ་གཞི་དང་གཅིག་གྱུར་གྱི་ཐབས་ལམ་མེད་པ། དྲྭ་ཐོག་ནས་ཆོས་ལུགས་ཀྱི་མིང་མ་འཁྱེར་བའི་ཐོག་དད་མོས་ཀྱི་རང་དབང་ལོངས་སུ་སྤྱོད་རྒྱུ།
རྒྱ་ནག་གི་ཁྲིམས་ཀྱི་ནང་དུ་ཆོས་དད་རང་དབང་གི་ཐོབ་ཐང་སྤྲད་ཡོད་པ།

>>>>>> དབྱར་རྩྭ་དགུན་འབུའི་ཚོང་ལས།

>>>>>> བོད་ཀྱི་ཞིང་ལས་དཔལ་འབྱོར།

>>>>>> བོད་ཀྱི་ལག་ཤེས་བཟོ་ལས། ཐོན་སྐྱེད་རྒྱ་བསྐྱེད་དང་རྒྱུན་སྲིང་།

>>>>>> བོད་ཀྱི་འབྲོག་ལས་དེང་རབས་ཅན།